top of page

ད་ལྟའི་སློབ་སྤྱི།

jinpa6th.jpg
མཁན་པོ་འཇམ་དབྱངས་སྦྱིན་པ།

མཁན་རབས་དྲུག་པ་མཁན་པོ་འཇམ་དབྱངས་སྦྱིན་པ་མཆོག་ནི། ཕྱི་ལོ་༡༩༨༠ ལོའི་ཟླ་བ་༡༢ ཚེས་༣ ཉིན་སྐུ་འཁྲུངས། ཆུང་དུས་ནས་རང་གི་ཡབ་ལས་ཀློག་སློབ་པ་སོགས་ཡི་གེ་ཕྱི་མོ་བརྡ་སྤྲོད་བཅས་ལ་སྦྱངས་པར་བྱས། དགུང་ལོ་བཅོ་ལྔའི་སྟེང་ཐར་རྩེ་མཁན་རིན་པོ་ཆེ་མདུན་ནས་རབ་ཏུ་བྱུང་ཏེ་དགེ་ཚུལ་གྱི་སྡོམ་པ་དང་ཤར་ཆེན་ཀླུ་ལྡིང་མཁན་ཆེན་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུས། འདུལ་འཛིན་བྱེ་བའི་གཙུག་རྒྱན་ཀླུ་ལྡིང་མཁན་པོ་སྐུ་བགྲེས་བཞོན་གཉིས་ལས་གསུང་ངག་ལམ་འབྲས་གཙོས་པའི་ཟབ་ཆོས་མང་དུ་གསན། ཕྱི་ལོ་༡༩༩༦ འཕགས་ཡུལ་དུ་ཕེབས། ༡༩༩༧ ལོར་ས་སྐྱ་མཐོ་སློབ་ཏུ་ཞུགས་ཏེ་མཚུངས་མེད་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཚོག་དང་སློབ་དཔོན་ངག་དབང་བཟོད་པ་གཙོ་བོར་གྱུར་བའི་དགེ་བའི་བཤེས་གཉེན་བཅུ་ཕྲག་ཙམ་གྱི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པར་མཛད། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧སྐྱབས་མགོན༧གོང་མ་རིན་པོ་ཆེ་རྣམ་གཉིས་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་མང་པོའི་ཞལ་སྔ་ནས་དབང་ལུང་ཁྲིད་མན་ངག་བཅས་ཀྱི་བཀའ་ཆོས་མང་དུ་གསན། གཞན་ཡང་མཁས་གྲུབ་ཆེན་པོ་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་དང་མཁན་ཆེན་ཀུན་དགའ་དབང་ཕྱུག་སྐུ་མདུན་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་གསན་ཞིང་། བོད་ཀྱི་མཁས་དབང་རཀ་ར་རིན་པོ་ཆེ་དང་གདོང་ཐོག་བསྟན་པའི་རྒྱལ་མཚན་སོགས་ལས་ཐ་སྙད་རིག་གནས་མང་པོ་གསན། ༢༠༠༢ ནས་༢༠༡༣ བར་ས་སྐྱ་མཐོ་སློབ་ཏུ་སྐྱོར་དཔོན་དང་དགེ་རྒན་མཁན་པོ་སོགས་ཀྱི་མཚན་གནས་རིམ་པར་བཞེས་ཏེ་དཔེ་ཁྲིད་སོགས་འཛིན་སྐྱོང་གི་འགན་ཆེ་ཕྲ་ཅི་རིགས་བཞེས། དཔལ་ས་སྐྱའི་རྒྱལ་ཡོངས་ཚིག་མཛོད་རྩོམ་སྒྲིག་ཁང་གི་འགན་འཛིན་ཡང་མཛད་ཅིང་། ད་ལྟ་ས་སྐྱ་མཐོ་སློབ་ཀྱི་སློབ་སྤྱིའི་ལས་ཁུར་གཉེར་བཞིན་པ་ཡིན་ནོ།།

 སློབ་སྤྱི་བགྲེས་པ།

appay1st.jpg
མཁན་ཆེན་ཨ་པད་རིན་པོ།

མཁན་རབས་དང་པོ་མཁན་ཆེན་རྡོ་རྗེ་འཆང་ཨ་པད་རིན་པོ་ཆེ་མཆོག་ནི། ༡༩༢༧ ལོར་སྐུ་བལྟམས་པའི་ཚུལ་བསྟན། གཞོན་ནུའི་དུས་ནས་དམ་པའི་རིགས་སད་དེ་གསེར་ལྗོངས་ཆོས་གྲྭར་སྒྲིག་ཞུགས་མཛད། ཕྱི་ལོ་༡༩༣༤ ལོར་གསེར་ལྗོངས་དང་མི་རིང་བར་མདོ་གཞུང་གི་ཆུ་བོ་དལ་གྱིས་འབབ་པའི་ཕྱོགས་སུ། རྩ་ཐང་ཡངས་པ་ཞིག་གི་དཀྱིལ་དུ་ཨར་ལས་དང་རྒྱུན་གྱི་གསོལ་ཕོགས་བཅས་བོད་གཞུང་གི་སྦྱིན་བདག་མཛད་པ་ལྟར་རྡོ་རྗེ་འཆང་དངོས་འཇམ་རྒྱལ་རིན་པོ་ཆེས་སྡེ་སྣོད་ཀྱི་ཆོས་གྲྭ་ཆེན་པོ་བཙུགས། འཇམ་མགོན་གྲུབ་པའི་དགའ་ཚལ་ཞེས་པའི་མཚན་བཏགས། ཡིག་ཆ་ཀུན་མཁྱེན་གྱི་གསུང་ལ་རྒྱབ་རྟེན་གཡག་རོང་གི་གསུང་རྣམས་ཡིན་པའི་སློབ་ཚན་གཏན་ལ་ཕབ་པོ། དེའི་སྐབས་ཤིག་ལ་མཁན་ཆེན་མཆོག་ཉིད་དགུང་གྲངས་བཅུ་ཙམ་བཞེས་པའི་ཚེ། བླ་མ་རྡོ་རྗེ་འཆང་འཇམ་རྒྱལ་རིན་པོ་ཆེའི་ཞལ་སྔ་ནས། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་གསན། དེ་ནས་རིམ་བཞིན་འཇམ་མགོན་གྲུབ་པའི་དགའ་ཚལ་ཞེས་པའི་མཚན་གྱིས་བརྗིད་པའི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། མཁན་ཆེན་འཇམ་དབྱངས་དྲི་མེད་མཆོག་དང་། ལྔ་རིག་སྨྲ་བའི་མཁས་གྲུབ་སེངྒེ་མཆོག་གི་ཞལ་སྔ་ནས་དང་། མཁན་ཆེན་འཇམ་དབྱངས་དགེ་ལེགས་ཞབས་དང་། ལེགས་བཤད་སྨྲ་བའི་གཙུག་རྒྱན་མཁན་ཆེན་བློ་གྲོས་སོགས་བསྟེན་ཏེ། ཕར་ཚད་གཙོ་བོར་གྱུར་བའི་པོད་ཆེན་དྲུག་དང་དེའི་ཡན་ལག་རིག་གནས་དང་བཅས་པར་གསན་བསམ་མཛད་དེ་མཁས་པའི་རྩེར་སོན། དེ་མཚམས་རྫོང་སར་ཁམས་བྱེའི་ཆོས་གྲྭར་ཡང་ཕེབས་ཏེ་ལོ་ཤས་རིང་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་དང་། མཁན་ཆེན་དམ་ཆོས་ལ་སོགས་པའི་སྐུ་མདུན་ནས་མདོ་ཕྱོགས་ལ་གསན་བསམ་མཐར་ཕྱིན་མཛད། ཨ་འཇམ་རྡོ་རྗེ་འཆང་ལས་བསྙེན་པ་རྫོགས། འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་དང་། རྡོ་རྗེ་འཆང་ཨ་འཇམ་རིན་པོ་ཆེའི་སྐུ་གམ་ནས་ཟབ་མོ་སྔགས་ལ་གསན་བསམ་མཐའ་རུ་ཕྱིན་པ་མཛད། བགྲང་བྱ་ཉེར་ལྔ་བཞེས་པའི་ཚེ་གསེར་ལྗོངས་ཆོས་གྲྭའི་མཁན་ཁྲིར་ཕེབས། དེ་མཚམས་དབུས་གཙང་ཆོས་ཀྱི་ཞིང་སར་བཀྲ་ཤིས་རེ་ཁ་བཀོད་དེ་གདན་ས་ཆེན་པོ་ངོར་ཨེ་ཝཾ་ཆོས་སྡེའི་བཤད་གྲྭའི་མཁན་པོ་མཛད། ལྷ་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་གིས་རྫོང་སར་ཁམས་བྱེའི་ཆོས་གྲྭ་ཆེན་པོའི་མཁན་རབས་བཅུ་གཉིས་པའི་ཁྲི་ལ་མངའ་གསོལ་མཛད། གསེར་ལྗོངས་འཇམ་མགོན་གྲུབ་པའི་དགའ་ཚལ་དུ་སློབ་གཉེར་གནང་སྟེ་ཐོན་པའི་མཁས་ཆེན་ཆོས་གྲོགས་ཀྱང་། དཔེར་ན། གསེར་ལྗོངས་མཁན་ཆེན་ངག་དབང་མཁྱེན་བརྩེ་སོགས་དང་། འདམ་ཐོག་མཁན་ཆེན་ངག་དབང་ཡོན་ཏན་དང་། དུང་མདོ་མཁན་ཆེན་ཡེ་ཤེས་ཕུན་ཚོགས། ཏ་ཟིག་མཛོ་འཇང་གཉིས་ཀྱི་མཁན་ཆེན་དང་། སྤོ་ལུ་མཁན་ཆེན་ཨོ་རྒྱན་དང། ཐང་སྐྱ་ནག་མི་མཁན་ཆེན་དང་། ཡངས་ཅན་མཁན་ཆེན་བློ་གྲོས་བཟང་པོ་དང་། མཁས་དབང་ནམ་མཁའི་ནོར་བུ་སོགས་ཡིན། དུས་འགྱུར་སྐབས་རྒྱ་གར་དུ་ཕེབས་སྟེ་འཇམ་མགོན་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་གི་ཡོངས་འཛིན་མཛད། ༧སྐྱབས་མཆོག་འཁོར་ལོའི་མགོན་པོ་རྗེ་རྡོ་རྗེ་འཆང་དཔལ་ས་སྐྱ་པ་ཆེན་པོའི་བཀའ་དགོངས་བཞིན་དཔལ་ས་སྐྱ་པའི་བསྟན་གཞི་ས་སྐྱ་མཐོ་སློབ་བཙུགས། དམའ་དགེ་ཚུལ་ཀཱ་རི་ཀ་ནས་མཐོ་རྒྱུད་རྒྱལ་དགེས་པ་རྡོ་རྗེ་བར་གྱི་ཆོས་འཁོར་ཤིན་ཏུ་རྒྱ་ཆེན་བསྐོར་། དེའི་རྒྱུ་ཅན་ལས་རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་མདོ་སྔགས་ཀྱི་བཤད་རྒྱུན་རྐང་བརྟན་པར་ཚུགས། གྲུབ་མཐའི་གནད་ཤེས་པའི་ཞལ་སློབ་མང་དུ་བྱོན། མདོར་ན་བསྟན་པ་སླར་གསོའི་སྐབས་འདིར་རྗེ་བཙུན་ས་སྐྱ་པའི་མདོ་སྔགས་ཀྱི་བཤད་རྒྱུན་རྐང་བརྟན་པོར་ཚུགས་ཐུབ་པར་བྱུང་བའི་བཀའ་དྲིན་ནི། བདག་ཅག་ས་སྐྱ་པ་རྣམས་ཀྱི་བསྐལ་བ་ནས་བསྐལ་བའི་བར་གཞལ་དཀའ་བ་ཡིན་ནོ། །གོང་ཞུས་བསྟན་པའི་བྱ་བ་ལེགས་གྲུབ་ལ་ཐུགས་རང་ཤིང་མཉེས་ཏེ་མཁན་ཆེན་རང་གི་ཞལ་སྔ་ནས་འདི་ལྟར་། སློབ་གྲོགས་གྲས་བོད་ཀྱི་ཕྱི་ལོགས་སུ་བཞུགས་པ་མཁན་ཆེན་བློ་གྲོས་བཟང་པོ་དང་། མཁས་དབང་ནམ་མཁའི་ནོར་བུ་དང་། གུས་པ་རྣམས་ཐོག་མ་རང་ནས་སློབ་གཉེར་ཡུན་རིང་བྱས་། གྲུབ་འབྲས་ཀྱང་ཡག་པོ་ཡོད་ཅེས་གསུངས་སོ། །མཐར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར། ཕྱི་ལོ་༢༠༡༠ ཕྱི་ཟླ་༡༢ པའི་ཚེས་༢༨ ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ།། ཁྲི་ལོ་ནི།༡༩༧༢ ནས་༡༩༨༤ བར་ཡིན་ལ། གསུང་རྩོམ་ནི་མདོ་སྔགས་ཀྱི་དཀའ་བའི་གནད་བགྲོད་བའི་དགག་སྒྲུབ་ཀྱི་གཞུང་མང་པོ་ཡོད་ཀྱང་པར་བསྐྲུན་དུ་དགོངས་འཁྲོལ་ཐོབ་པ་ནི། དག་ལྡན་གྱི་མཆན་འགྲེལ་རྒྱུད་དོན་གསལ་པའི་སྤྱན་ཤེལ་ཉག་གཅིག་ཡིན་ལ། དེ་བཞིན་ཟབ་གསང་གསུང་གི་བདུད་རྩི་མཐའ་ཡས་པ་ལས་སྒྲ་འཛིན་དུ་ཚུད་པ་རྣམས་ལས་ཡིག་ཐོག་ཏུ་ཕབ་སྟེ་པར་སྐྲུན་ཟིན་པ་ནི། ཐེག་པ་ཆེན་པོའི་བསྒོམ་ཁྲིད། ཐུབ་པ་དགོངས་གསལ་དང་། བཟང་སྤྱོད། ཞེན་པ་བཞི་བྲལ་སོགས་ཀྱི་བཀའ་ཁྲིད་སྒྲ་ཕབ་མ་སོགས་གསུང་འབུམ་པོད་བཞིར་ཙམ་ཡིན་ལ་དེ་དག་ལས་ཐེག་པ་ཆེན་ཆེན་པོའི་བསྒོམ་ཁྲིད་སོགས་འགའ་ཞིག་རྒྱ་ཡིག་སོགས་སུའང་བསྒྱུར་ཟིན་པ་ཡིན་ནོ།།

Tenzin2nd.jpg

མཁན་རབས་གཉིས་པ་མཁན་པོ་འཇམ་དབྱངས་བསྟན་འཛིན་མཆོག་ནི། ༡༩༧༦ ལོར་དགུང་ལོ་བཅུ་དགུའི་སྟེང་དུ་ས་སྐྱ་མཐོ་སློབ་ཏུ་ཞུགས་ཏེ་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གི་མདུན་ནས་སྤྱི་ལོ་༡༩༨༤ བར་མདོ་སྔགས་ཀྱི་ཆོས་སྐོར་བསམ་གྱིས་མི་ཁྱབ་པར་གསན་བསམ་མཛད་པ་མ་ཟད། དབྱིན་སྐད་གཙོས་ཕྱི་ནང་གི་རིགས་གནས་སོགས་ལའང་བྱང་ཆུབ་པར་མཛད། ༡༩༨༤ ལོར་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་མཁན་ཆེན་ཨ་པད་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་ཕེབས་པར་ལྟར་གདན་ས་ཆེན་མོ་འདི་ཉིད་ཀྱི་མཁན་རབས་གཉིས་པའི་ཁྲིར་མངའ་གསོལ་ཏེ་སྤྱི་ལོ་༡༩༩༠ ལོ་གྲངས་དྲུག་གི་བར་མཁན་པོ་དང་ཕྱི་ནང་འཛིན་སྐྱོང་བ་གཅིག་ལྕོགས་ཀྱི་འགན་ཁུར་གནང་། དེའི་རྗེས་བལ་ཡུལ་བྱམས་ཆེན་ལྷ་ཁང་གི་སྒྲུབ་གྲྭར་ལོ་གསུམ་ཟླ་གསུམ་སྐུ་མཚམས་བཞུགས་ཀྱི་དེར་གནས་ཀྱི་བསྙེན་མཚམས་པ་རྣམས་ལ་དམིགས་འཁྲིད་གནང་བའི་སྒོ་ནས་སྒྲུབ་དཔོན་ཀྱང་མཛད། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་སྐྱ་དགོན་པའི་འགན་འཛིན་དང་བཤད་གྲྭའི་མཁན་པོ་གཅིག་ལྕོག་མཛད་ཅིང། མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གི་ལོ་ཙཱ་བ་ཡང་མཛད་དོ། །བལ་ཡུལ་སོགས་སུ་ཤར་ནུབ་ཀྱི་ནང་ཆོས་དོན་གཉེར་ཅན་ཚོ་ལ་དབྱིན་སྐད་ཀྱི་ཐོག་ནས་འཆད་པོར་ཆེད་དུ་གདན་ཞུ་མུས་སོ།།

མཁན་པོ་འཇམ་དབྱངས་བསྟན་འཛིན།
Migmar3rd.jpg
མཁན་པོ་མིག་དམར་ཚེ་རིང་།

མཁན་རབས་གསུམ་པ་མཁན་རིན་པོ་ཆེ་མིག་དམར་ཚེ་རིང་མཆོག་ནི། བོད་ནུབ་ཕྱོགས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བཞིར་ལོན་པ་ཕྱི་ལོ་༡༩༥༩ ལོར་བོད་དུ་རྒྱ་ནག་གི་བཙན་འཛུལ་བྱས་པས་ཁོང་བཙན་བྱོལ་དུ་ཕེབས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་བཞུགས། རིམ་གྱིས་སློབ་གྲྭར་ཞུགས་ཏེ་སྔོན་འགྲོའི་སློབ་སྦྱོང་ཆ་ཚང་གནང་། དེ་ནས་ཝ་ཎ་མཐོ་སློབ་ཏུ་ཞུགས་ཏེ་རྒྱ་བོད་དབྱིན་གསུམ་སོགས་ལ་སྦྱངས་པ་མཛད། ཕྱི་ལོ་༡༩༧༢ ལོར་ས་སྐྱ་མཐོ་སློབ་དབུ་བརྙེས་པ་ན་དམ་པ་འདི་ཡང་མཐོ་སློབ་ཏུ་འཛུལ་ཞུགས་གནང་སྟེ་མཁན་ཆེན་དམ་པ་ཨ་པད་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་བསམ་གྱི་མི་ཁྱབ་པར་གསན་བསམ་མཛད་པས་མཁན་སློབ་ཀུན་གྱིས་ཁོང་ནི་སློབ་མ་རྣམས་ལས་རིག་པ་དང་ཀུན་སྤྱོད་སོགས་རྩེ་ཕུད་ཀྱི་གྲས་སུ་ངོས་འཛིན་དང་བསྔགས་བརྗོད་ཡང་ཡང་གནང་། དམ་པ་ཁོང་ནི་འདི་གའི་སློབ་གཉེར་བ་ཐོག་མའི་གྲས་སུའང་ཡིན། སྔར་ཕྱིར་༧སྐྱབས་མགོན༧གོང་མ་རིན་པོ་ཆེ་མཆོག་དང་། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་སོགས་ཀྱི་སྐུ་མདུན་ནས་དབང་ལུང་མན་ངག་དང་བཅས་མཐའ་ཡས་པ་གསན། ཁོང་གིས་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་དབྱིན་སྐད་ཀྱི་ཐོག་ནས་ཐད་ཀར་ཆོས་བཤད་དང་སློབ་སྟོན་སོགས་ཤིན་ཏུ་ཚིག་བཟུང་སླ་བ་དང་། དོན་གོ་བདེ་བ། བློ་ངོར་འཇགས་བདེ་བ་སོགས་གནང་བས་ཀུན་ཀྱིས་བསྔགས་བརྗོད་ཡང་ཡང་གནང་། སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ནང་དབྱིན་སྐད་ཀྱི་ཐོག་ནས་ཐད་ཀར་ཆོས་བཤད་དང་དཔེ་ཁྲིད་གནང་ཐུབ་མཁན་ཤིན་ཏུ་དཀོན་པའི་སྐབས་ཡིན། རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནང་སྐད་བསྒྱུར་གྱི་ཕྱག་ལས་དང་ཝ་ཎ་མཐོ་སློབ་ཏུ་དཔེ་ཁྲིད་དགེ་རྒན་གྱི་འགན་ལོ་མང་རིང་བཞེས། ཕྱི་ལོ་༡༩༨༩ ལོ་ནས་བཟུང་ཕྱི་ལོ་༡༩༩༩ བར་དཔལ་ས་སྐྱ་མཐོ་རིམ་སློབ་གྲྭའི་མཁན་པོ་དང་སློབ་སྤྱི་གཅིག་ལྕོགས་ཀྱི་འགན་བཞེས་ཞོར་དུ་༧སྐྱབས་མགོན་གདུང་སྲས་སྐུ་བགྲེས་གཞོན་རྣམ་གཉིས་དང་ངོར་རྫོང་ཚར་གསུམ་གྱི་བླ་ཆེན་རྣམ་པས་དབུས་ས་སྐྱའི་བླ་སྤྲུལ་མང་པོའི་ཟུར་ཁྲིད་ཀྱི་སློབ་དཔོན་ཡང་གནང་། མཐར་ཕྱི་ལོ་༡༩༩༩ ལོར་སྐུ་གཤེགས་སོ།།

sonam4th.jpg
མཁན་པོ་བསོད་ནམས་རྒྱ་མཚོ།

མཁན་རབས་བཞི་པ་མཁན་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་མཆོག་ནི། བོད་གངས་ཅན་གྱི་ལྗོངས་སུ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་ས་ཕྱོགས་གསུམ་གྱི་ནང་ཚན་སྟོད་མངའ་རིས་སུ་ལོ་ཆེན་རིན་ཆེན་བཟང་པོའི་སྐུའི་མཚན་དཔེ་བཞད་པའི་གནས་མཆོག་དང་ཤིན་ཏུ་འདབས་འབྱོར་དུ་བྱུང་བ། འཇང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་མཆོག་གི་བསྟན་པ་སྤེལ་གནས་མངའ་རིས་རོང་བཙན་ཞེས་པར་ཕྱི་ལོ་༡༩༥༡ ལོར་ཡབ་བསྟན་འཛིན་དངོས་གྲུབ་དང་ཡུམ་འཇམ་དཔལ་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱ་གར་དུ་ཕེབས་ནས་སིམ་ལ་དང་ཝཱ་ཎ་བོད་ཀྱི་མཐོ་སློབ་སོགས་སུ་བོད་དབྱིན་ཧིན་གསུམ་སཾསྐྲིཏའི་སྐད་ཡིག་དང་བཅས་ལ་སྦྱངས་པར་མཛད། རིམ་གྱིས་ས་སྐྱ་མཐོ་སློབ་ཏུ་ཕེབས་ཏེ་མཁས་པའི་དབང་པོ་མཁན་ཆེན་ཡོན་ཏན་བཟང་པོའི་སྐུ་མདུན་ནས་གཞུང་ཆེན་གྲགས་ཆེན་བཅོ་བརྒྱད་ལ་གསན་བསམ་མཛད་དེ་བཀའ་བཅུ་པའི་ཕྱག་ཁྱེར་བཞེས། ཕྱི་ལོ་༡༩༨༥ ལོར་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་གིས་མཁན་པོའི་མཚན་གསོལ་མཛད་ནས་དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་སློབ་གཉེར་བ་རྣམས་ལ་ལོ་གྲངས་དྲུག་ཙམ་གྱི་རིང་དཔེ་ཁྲིད་མཛད། དེ་ནས་ཐེ་ཝན་གྱི་རྒྱལ་ས་ཐེ་བྷེ་ནང་ཐུབ་བསྟན་ཀུན་ཕན་ཞེས་པའི་ཆོས་ཚོགས་ཤིག་འཛུགས་བསྐྲུན་མཛད་གནང་སྟེ་ཕྱི་རྒྱལ་སློབ་མ་མང་པོ་ལ་དབུ་མ་དང་སྤྱོད་འཇུག་སོགས་ཀྱི་སློབ་ཁྲིད་གསུང་ཆོས་གནང་། དེ་རྗེས་རྒྱ་གར་དཱེ་རཱ་དུན་མངའ་ཁོང་མན་དྲུ་ཝ་ལ་ཞེས་པའི་སར་སྒྲུབ་གྲྭ་བསམ་གཏན་ཕུན་ཚོགས་གླིང་ཕྱག་བཏབ། ཕྱི་ལོ་༡༩༩༩ ལོར་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་དང་མཁན་ཆེན་ཡོན་ཏན་བཟང་ངམ་མཁན་ཆེན་ཨ་པད་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་བཞིན་གདན་ས་ཆེན་མོ་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་མཁན་པོའི་ཁྲིར་མངའ་གསོལ་ཏེ་ཕྱི་ལོ་༢༠༡༣ བར་མཁན་པོའི་ཐུགས་འགན་བཞེས། སྔ་ཕྱིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བགྲོ་གླེང་ཆེན་མོ་སོགས་སུ་ཕེབས་ཏེ་རང་གཞན་གྱི་ལྟ་གྲུབ་ལ་བགྲོ་གླེང་དང་བཤད་པ་གནད་སྨིན་མཛད་པས་༧གོང་ས་མཆོག་གིས་དབུས་པའི་རིས་མེད་ཀྱི་བླ་ཆེན་དང་མཁས་དབང་མང་པོས་བསྔགས་བརྗོད་ལན་མང་གནང་། ད་ལྟ་མན་དྲུ་ཝ་ལ་བཙུན་མའི་བཤད་གྲྭ་བསམ་གཏན་ཕུན་ཚོགས་གླིང་དུ་བཞུགས་བཞིན་པ་ལགས་སོ།། གསུང་རྩོམ་ནི་གདན་རབས་ངོ་མཚར་བང་མཛོད་རྒྱས་འབྲིང་གཉིས། རིགས་གཏེར་རྣམ་བཤད། ཚད་མ་རྣམ་ངེས་ཀྱི་མཆན་འགྲེལ། ས་པཎ་རྣམ་ཐར་ཡིད་མཁའི་ཟླ་བ་ཞེས་རྒྱས་བསྡུས་ཁ་ཤས། མཁན་ཆེན་ཨ་པད་རིན་པོ་ཆེའི་རྣམ་ཐར། མཁན་ཆེན་རིན་ཆེན་གྱི་རྣམ་ཐར། འཇམ་མགོན་ཆོས་ཀྱི་བློ་གྲོས་སོགས་ཕྱིས་སུ་བྱུང་བའི་ས་སྐྱའི་མཁན་པོ་དང་སྤྲུལ་སྐུ་གྲགས་ཅན་བཅོ་ལྔའི་རྣམ་ཐར་སྙིང་བསྡུས། འཁྲུངས་ཤིང་དཔྱད་གཏམ་རང་དོན་ངེས་གོམས་མ་སོགས་གསུང་རྩོམ་སོགས་ཤིན་ཏུ་མང་ངོ་།།

sangpo5th.jpg
མཁན་པོ་མཁྱེན་རབ་བཟང་པོ།

མཁན་རབས་ལྔ་པ་མཁན་ཆེན་མཁྱེན་རབ་བཟང་པོ་མཆོག་ནི། ཆུང་དུས་ནས་ཆོས་སྒོར་ཞུགས་ཤིང་བླ་མ་ངག་དབང་ཆོས་འཕེལ་བཟང་པོའི་མདུན་ནས་རབ་ཏུ་བྱུང་། མཐོང་བ་བརྒྱུད་པའི་ཕྱག་ལེན་དག་ལ་སྦྱངས་པའི་ཚུལ་མཛད། ༡༩༩༨ ལོར་གདན་ས་ཆེན་མོ་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས། བཀའ་དྲིན་མཚུངས་མེད་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག། མཁན་པོ་འཇམ་དབྱངས་དཔལ་འབྱོར། རྒན་ངག་དབང་བཟོད་པ་སོགས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་གྲགས་ཆེན་བཅོ་བརྒྱད་གཙོ་བོར་བྱས་པའི་གཞུང་ལུགས་ཁག་ལ་འབད་བརྩོན་ཆེར་བསྐྱེད་བྱས་པས་སྦྱངས་འབྲས་ཀྱང་ཅུང་མི་དམན་པ་ཐོབ་ཏེ། ༢༠༠༣ ལོར་སྐྱོར་དཔོན་དང་། ༢༠༠༥ ལོར་བཀའ་བཅུ་པའི་ལོ་རིམ་ཐོན། ༢༠༠༦ ལོར་དགེ་རྒན་དུ་བསྐོ་བཞག་བྱས། ༢༠༠༧ ལོར་སློབ་དཔོན་གྱི་ལོ་རིམ་ཐོན། ༢༠༠༦ ནས་དབུ་ཚུགས་པའི་མཐོ་སློབ་ཤེས་རིག་ལྷན་ཚོགས་ཚོགས་གཙོའི་འོས་འགན་ལོ་ཤས་ཁུར། དེའི་རིང་དུ་རི་དཀར་པོའི་བརྗིད་སྒྲའི་དུས་དེབ་གསར་དུ་འདོན་པ་དང་དེ་ལྟ་བུ་བྱུང་བའི་དཔེ་ཚོགས་ཀྱི་དེབ་ཕྲེང་གསར་དུ་འདོན་སྤེལ་དང་མཁན་ཆེན་བསོད་ནམས་རྒྱ་མཚོའི་གསུང་འོད་ལྡེར་དུ་འགྲེམས་སྤེལ་སོགས་བྱས། ༢༠༠༨ ལོར་༧སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ལེགས་པར་བཞེས། སྔ་ཕྱིར་༧སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་སོགས་ཀྱི་སྐུ་མདུན་ནས་དམ་པའི་ཆོས་མང་དུ་གསན། མཁས་དབང་རཀ་ར་རིན་པོ་ཆེ་དང་། གདོང་ཐོག་རིན་པོ་ཆེ་སོགས་ལས་སྙན་ངག་བརྡ་གསུམ་སོགས་ཐུན་མོང་རིགས་གནས་ལ་སྦྱངས་པ་མཛད། དེ་བཞིན་ས་སྐྱའི་དུས་དེབ་ཆོས་དུང་དཀར་པོའི་རྩོམ་སྒྲིག་པའི་འགན་ཁུར་བྱེད་མུས་དང་། ༢༠༠༩ ལོར་༧སྐྱབས་མགོན༧གོང་མ་རིན་པོ་ཆེ་མཆོག་ནས་མཐོ་སློབ་ཀྱི་མཁན་པོའི་མཚན་གནས་བསྩལ་བ་བཞིན་ད་ཆར་འདི་ག་ས་སྐྱ་མཐོ་སློབ་ཀྱི་ལས་ཐོག མཁན་པོའི་འགན་བཞེས་ནས་གཤམ་གསལ་མཁན་པོ་རྣམ་པའི་ཕྱག་རོགས་དང་བཅས་བཤད་གྲྭའི་ཕྱི་ནང་འཛིན་སྐྱོང་གནང་མུས་ལགས་སོ།།

bottom of page