top of page
Khenpo_tandar.jpg
མཁན་པོ་ཚུལ་ཁྲིམས་བསྟན་དར།

མཁན་པོ་ཚུལ་ཁྲིམས་བསྟན་དར་མཆོག་ནི། ༡༩༧༦ ལོར་འཁྲུངས་ཤིང་། ༡༩༨༥ ལོར་བླ་མ་བློ་བཟང་བྱམས་པའི་སྐུ་མདུན་ནས་རབ་ཏུ་བྱུང་ཞིང་། མི་འགྱུར་བུ་དགོན་དཔལ་ལྡན་ཞི་བ་དགོན་དུ་འཛུལ་ཞུགས་ཀྱིས་མཐོང་བརྒྱུད་ཕྱག་ལེན་དང་བོད་ཀྱི་བརྡ་སྤྲོད་སོགས་ལ་སྦྱངས་པ་མཛད། ༡༩༩༡ ལོར་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་བྱེད་པའི་སྐལ་བཟང་མངོན་དུ་བྱས། དེར་ལོ་གསུམ་བཞུགས་རྗེས་༡༩༩༤ ལོར་ས་སྐྱ་མཐོ་སློབ་ཏུ་ཕེབས་ནས་བདེ་བར་གཤེགས་པ་མཁན་པོ་མིག་དམར་ཚེ་རིང་མཆོག་གི་མདུན་ནས་མདོ་སྔགས་རབ་འབྱམས་ལ་སྦྱངས་པ་མཛད་དེ། ༢༠༠༠ ལོར་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་དང་ལྷན་དུ་སློབ་མཐར་སོན་ཅིང་བཀའ་བཅུ་པའི་མཚན་གནས་བཞེས། ༢༠༡༣ ལོར་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་གིས་གསོལ་བ་བཏབ་པ་ལྟར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་འདི་ག་ས་སྐྱ་མཐོ་སློབ་ཀྱི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཐད་ཐུགས་འགན་ཁུར་དགོས་པའི་བཀའ་ལུང་ཕེབས་པ་བཞིན་ད་ཆ་འདི་གའི་ཕྱག་མཛོད་ཀྱི་འགན་བཞེས་མུས་བཅས་སོ།།

rinchen_gelek.jpg
རྒན་རིན་ཆེན་དགེ་ལེགས་ཕུན་ཚོགས།

རྒན་རིན་ཆེན་དགེ་ལེགས་ཕུན་ཚོགས་ནི། ༡༩༩༢ ལོར་འཁྲུངས་ཤིང་། ༢༠༠༣ ལོར་རྒྱ་གར་ས་སྐྱ་འབྲི་རུ་དགོན་དུ་ཞུགས་ཏེ་གཞི་རིམ་སློབ་གཉེར་རྣམས་མཐར་ཕྱིན་པར་སྦྱངས། ༢༠༠༧ ལོར་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་ཏེ་༢༠༡༥ ལོར་བཀའ་བཅུ་པ་དང་། ༢༠༡༧ ལོར་སློབ་དཔོན་སློབ་མཐར་ཕྱིན། སློབ་གཉེར་བྱེད་ཞོར་དུའང་བཤད་གྲྭའི་སློབ་གཉེར་ལྷན་ཚོགས་དང་ཁོར་ཡུག་ལྷན་ཚོགས་ཀྱི་ཚོགས་པ་སོགས་ཀྱི་ལས་འགན་ཆེ་ཕྲ་མང་པོའི་འགན་ཁུར་མིག་དཔེར་འོས་པ་གནང་། དེ་མ་ཟད་བཤད་གྲྭའི་ནང་གི་ཕྱག་མཛོད་ལོ་ལྔ་ལ་བྱས། དེ་རྗེས་ས་ཆེན་སློབ་གྲྭར་སློབ་སྤྱི་ཡང་མཛད། ད་ལྟ་ས་སྐྱ་མཐོ་སློབ་ཏུ་འཛུགས་སྐྲུན་འགན་ཁུར་བཞིན་པའོ།།

Lobsang Choephel.jpg

དྲུང་ཡིག་བློ་བཟང་ཆོས་འཕེལ་ནི། ཨོ་རི་ས་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། སྦེལ་སྐོབ་བོད་ཁྱིམ་ནས་གཞི་རིམ་སློབ་སྦྱོང་མཐར་ཕྱིན་གནང་། ཝ་རཱ་ཎ་སིའི་སཱར་ན་ཐ་དུ་ཡོད་པའི་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་་སློབ་གཉེར་ཁང་དུ་འཛུལ་ཞུགས་གནང་སྟེ་ཤཱསྟྲི་སློབ་མཐར་ཕྱིན། མཐོ་སློབ་ལ་ཞུགས་རིང་ལོ་ ༢ རིང་ས་སྐྱ་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་འོས་འདེམས་བྱུང་ཞིང་ཕྱག་ལས་གནང་། དེ་བཞིན་ཁོང་གིས་བོད་ཁྱིམ་སློབ་ཟུར་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཡོད། གཞན་ཡང་ལྟོ་ཚང་ཚོགས་ཆུང་དང་སློབ་གཉེར་ལྷན་ཚོགས་སུ་ཚོགས་མིར་འོས་འདེམས་བྱུང་ཡོད། ༢༠༠༤ ལོ་ནས་ད་བར་ས་སྐྱ་མཐོ་སློབ་ཀྱི་ཡིག་ཚང་དུ་དྲུང་ཆེའི་ཕྱག་ལས་གནང་མུས་ཡིན་ནོ།།

དྲུང་ཡིག་བློ་བཟང་ཆོས་འཕེལ།
Ngawang Khenrab.jpg
རྒན་ངག་དབང་མཁྱེན་རབ།

རྒན་ངག་དབང་མཁྱེན་རབ་ནི། འབྲུག་ཕུན་ཚོགས་གླིང་ཆེད་རིམ་སློབ་གྲྭ་ནས་འཛིན་གྲྭ་བཅུ་གཉིས་པ་མཐར་སོན་ནས། ཕྱི་༢༠༠༩ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་དཔེ་མཛོད་དོ་དམ་པ་དང་། དྲུང་གཞོན་ཕྱག་ལས་གནང་བཞིན་པའོ།།

Ngawang Thinley.jpg
ཕྱག་མཛོད་ངག་དབང་ཕྲིན་ལས།

ཕྱག་མཛོད་ངག་དབང་ཕྲིན་ལས་ནི། ༢༠༡༡ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། བཀའ་བཅུ་པ་དང་སློབ་དཔོན་གྱི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་ཕྱག་མཛོད་ཀྱི་ཕྱག་ལས་གནང་བཞིན་པའོ།།

Nima Dorjey.jpg
གཉེར་པ་ཉི་མ་རྡོ་རྗེ།

གཉེར་པ་ཉི་མ་རྡོ་རྗེ་ནི། ༢༠༡༣ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་གནང་། ༢༠༢༣ ལོར་བཀའ་བཅུ་པའི་སློབ་མཐར་སོན། ད་ལྟ་མཐོ་སློབ་ཏུ་གཉེར་པའི་ཕྱག་ལས་གནང་བཞིན་པའོ།།

Tenpa_Zangpo.jpg
དགེ་བསྐོས་བསྟན་པ་བཟང་པོ།

དགེ་བསྐོས་བསྟན་པ་བཟང་པོ་ནི། ༢༠༡༤ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་པ་དང་། བཀའ་བཅུ་པའི་སློབ་མཐར་སོན་ནས་ལོ་གཅིག་རིང་དགེ་བསྐོས་ཀྱི་ཕྱག་ལས་གནང་བཞིན་པའོ།།

tsewang.jpg
དགེ་བསྐོས་ཚེ་དབང་འགྱུར་མེད།

དགེ་བསྐོས་ཚེ་དབང་འགྱུར་མེད་ནི། ༢༠༡༥ ལོར་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས་པ་དང་། བཀའ་བཅུ་པའི་སློབ་མཐར་སོན་ནས་ལོ་གཅིག་རིང་དགེ་བསྐོས་ཀྱི་ཕྱག་ལས་གནང་བཞིན་པའོ།།

bottom of page