ས་ཆེན་སློབ་གྲྭ

ས་སྐྱ་མཐོ་སློབ་ཀྱི་ཡན་ལག་སློབ་གྲྭ་འདི་ནི་དྷེ་ར་དུན་མངའ་ཁུལ་བོད་གཞིས་བདེ་སྐྱིད་གླིང་དུ་ཆགས་ཡོད། འདི་ནི་གཞི་རིམ་སློོབ་གྲྭ་ལྟ་བུར་ལོ་ཆུང་ཚོར་གནའ་དེང་གི་ཤེས་ཡོན་གྱི་རྨང་གཞི་གལ་ཆེན་འདིང་ས་ཞིག་ཡིན་ཡང་། སློབ་ཞུགས་མི་སྣ་དང་སློབ་ཚན་གི་ཐད་ནས་སྤྱིར་བཏང་གི་གཞི་རིམ་སློབ་གྲྭ་དང་མི་འདྲ་བར་འདི་ནི་གཙོ་ནང་བསྟན་མཐོ་སློབ་ཁག་དང་ཐད་ཀར་འབྲེལ་བའི་སྔོན་འགྲོའི་སློབ་གྲྭ་ཡིན་ཙང་། སློབ་མ་དགེ་འདུན་པ་ལོ་ཆུང་ཁོ་ན་བདག་སྐྱོང་བྱེད་རྒྱུ་དང་། སློབ་ཚན་ཡང་བོད་ཀྱི་སྐད་ཡིག་གཙོར་འདོན་ཐོག་དབྱིན་ཇི་དང། རྒྱ་ཡིག ཧིན་དྷི། ཨང་རྩིས། ཆོ་ག་ཕྱག་ལེན། རྒྱལ་རབས། ཆོས་འབྱུང་བཅས་ཡིིན་ཞིང་། སློབ་ཚན་དེ་དག་ཀྱང་སློབ་གྲྭ་སྤྱིའི་འཛིན་རིམ་འགྲོ་ལུགས་ལྟར་བསླབས་ནས་འཛིན་གྲྭ་དགུ་པ་མཐར་སོན་པའམ་དེ་དང་ཤེས་ཚད་མཚུངས་པར་བྱུང་མཚམས། ས་སྐྱ་མཐོ་སློབ་གཙོ་བོར་བྱས་པའི་ནང་བསྟན་མཐོ་སློབ་ཁག་གང་རུང་ལ་འཛུལ་ཞུགས་ཀྱིས་ནང་དོན་རིག་པར་མཐིལ་ཕྱིན་སྦྱང་བཅུག་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་སྨིན་པའི་མི་སྣ་གསོ་སྐྱོང་བྱེད་ཡུལ་འགངས་ཆེན་ཞིག་ཡིན།

ང་ཚོས་སློབ་གྲྭ་འདི་བཞིན་གསར་འཛུགས་དགོས་པའི་རྒྱུ་མཚན་ནམ་དམིགས་ཡུལ་ནི། གཙོ་བོར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དང་མཐའ་མཚམས་ཀྱི་ལོ་ཆུང་གཞོན་ནུ་ཚོ་དང་དེ་འབྲེལ་ཤེས་ཡོན་ལ་མོས་པ་ཡོད་ཀྱང་གོ་སྐབས་ཡག་པོ་མ་རགས་པའི་ཉམ་ཐག་དང། གོ་སྐབས་ཡོད་ཀྱང་གནའ་དེང་གི་ཤེས་ཡོན་ཕྱོགས་རེར་སོང་བའི་ཕྲུ་གུ་ཚོར་དམིགས་ཏེ་གནའ་དེང་ཟུང་དུ་འབྲེལ་བའི་དམངས་ཕན་སློབ་གྲྭ་ཞིག་དང། ལྷག་པར་དུ་ས་སྐྱ་མཐོ་སློབ་ལྟ་བུའི་ནང་བསྟན་མཐོ་སློབ་ཁག་ཏུ་འཛུལ་ཞུགས་ཀྱི་སྔོན་འགྲོའི་ཆ་རྐྱེན། གཙོ་བོ་བོད་ཀྱི་བརྡ་དག་སྙན་གསུམ་དང་། ནང་བསྟན་དང་འབྲེལ་བའི་རྒྱལ་རབས་ཆོས་འབྱུང་། ཆོ་ག་ཆོས་སྤྱོད་ཀྱི་རྨང་གཞི་བཅས་གཞི་རིམ་གྱི་ཤེས་ཡོན་ཚད་འཕེར་བ་བསླབས་ཏེ། ས་སྐྱ་མཐོ་སློབ་ཀྱིས་མཚོན་པའི་བཤད་གྲ་ཁག་ནང་དགེ་འདུན་པ་གསར་ཞུགས་ཉུང་དུ་མི་འགྲོ་བ་དང་། ཕྱིས་འབྱུང་ནང་བསྟན་དགེ་འདུན་པ་སྤྱིའི་སྤུས་ཚད་ཇེ་ལེགས་དང་གནའ་དེང་གི་ཤེས་ཡོན་གྱི་ཆུ་ཚད་གོང་མཐོར་གཏོང་ཐབས་སྟེ། མདོར་ན་འཛམ་གླིང་ཞི་བདེའི་རྩ་བར་གྱུར་པའི་ནང་ཆོས་འདི་ཉིད་དར་སྤེལ་གོང་འཕེལ་གཏོང་ཆེད་ཡིན། དེའི་རྒྱུ་མཚན་ཡང་ད་ལྟའི་དུས་རབས་འདིར་ཚན་རྩལ་དང་འབྲེལ་བའི་ཤེས་ཡོན་དང་དཔལ་འབྱོར་ཧ་ཅང་ཆེ་ཡང་། དེས་མི་རྣམས་ཀྱི་སེམས་ལ་བདེ་སྐྱིད་བསྐྲུན་པ་ལས་ལྡོག་སྟེ་བྲེལ་ཚུབ་དང་དངངས་འཚབ། ཕྲག་དོག་དང་འགྲན་སེམས། བརྣག་སེམས་དང་འདོད་རྔམ་བསླངས་ཏེ་སྤྱི་ཚོགས་ལ་ཞི་བདེ་ལྷིང་འཇག་མེད་པ་འཇིགས་སྐུལ་རིང་ལུགས་པའི་གནོད་འཚེ་དུ་མར་ཕོག་ཅིང། མི་སྒེར་ལ་ཡང་གུ་ཡངས་བག་ཕེབས་དང་སྤྲོ་སྣང་མེད་པར་ཉིན་མཚན་དབྱེར་མེད་ཀྱིས་སེམས་པ་གུ་དོག་ཅིང་སྤྱི་ཚོགས་ཀྱི་རྗེས་མ་ཟིན་པའི་སེམས་སྡུག་དང་། འགྲན་རྩོད་ཀྱི་དོ་མི་ཆོག་པའི་དཀའ་སྡུག་གིས་གཙེས་པས། མི་རྣམས་སྨྱོ་བ་དང་རང་མེད་བྱེད་པ་སོགས་སེམས་ཀྱི་སློབ་གསོ་མེད་པའི་ངན་འབྲས་ཡ་ང་བ་སྨིན་པའི་དུས་སྐབས་འདིར། སེམས་ལ་ཞི་བདེ་དང་བག་ཕེབ་འཚོལ་ཐབས་བླ་ན་མེད་པའི་ལམ་སྟོན་གྱི་བདག་ཉིད་ནང་ཆོས་འདི་ནི་དགོས་གལ་ཧ་ཅང་ཆེ་ཞིང་། དེའང་སྤྱི་ཚོགས་ནང་ཡུན་གནས་དང་དར་ཁྱབ་ཡོང་བ་ནི་སྤྱིར་དགེ་འདུན་པ་དང་ལྷག་པར་དུ་ནང་ཆོས་ལ་སྦྱངས་པའི་མྱོང་བ་ཐོན་པའི་བཤད་བཤད་གྲྭ་དང་སྒྲུབ་གྲྭ་མཐར་ཕྱིན་པའི་དགེ་འདུན་པ་མང་ཉུང་དང་སྤུས་དག་མིན་ལ་རག་ལས་པ་ཞིག་ཡིན་ལ། ད་ཆ་འཛམ་གླིང་གང་ས་ནས་དགེ་འདུན་པ་གྲངས་ཀ་ཉུང་དུ་དང་སྤུན་ཀ་ཇེ་ཞན་དུ་འགྲོ་བཞིན་པ་ཚང་མས་ཤེས་གསལ་ལྟར་ཡིན་སྟབས། ང་ཚོས་ཕྲག་ཏུ་བབ་པའི་འགན་འཁྲི་དང་དུ་བླངས་ཤིང་རྩ་བའི་བླ་མ་རྣམས་ཀྱི་བཀའ་དགོངས་གཞི་བཟུང་ཐོག་ནུས་ཤུགས་ཡོད་དགུ་བཏོན་ནས་གནས་སྟངས་དེར་གདོང་ལེན་བྱེད་ཆེད་གནད་འགག་ཆེ་བའི་ས་ཁུལ་ཁག་ལ་འདི་ལྟའི་སློབ་གྲྭ་ཁ་ཤས་འཛུགས་འཆར་ཡོད་པའི་ནང་ནས། འདི་ནི་ད་ལྟ་ས་གནས་དྷེ་ར་དུན་ལ་དངོས་སུ་ཚུགས་བྱིན་པ་དེ་ཡིན།
སློབ་ཞུགས་ཀྱི་ཆ་རྐྱེན་དང་སློབ་སྦྱོང་གི་མཐུན་རྐྱེན་སྐོར།
སློབ་ཞུགས་ཀྱི་ཆ་རྐྱེན་ནི་རྟེན་སྐྱེས་པ་ཡིན་དགོས་པ་ལས་མི་རིགས་ལ་ཁྱད་པར་མེད་ལ། ལོ་ལྔ་ནས་བཅོ་ལྔའི་བར་ཡིན། ནང་གི་མཐུན་རྐྱེན་ཉལ་ཁང་སློབ་ཁང་སོགས་སློབ་གྲྭ་སྤྱི་དང་མཚུངས་ཤིང་། སློབ་ཕྲུག་མང་མཐར་( ༣༠༠ ) ཙམ་སྡོད་སའི་ཁོར་ཡུག་ཡོད། ཤེས་ཡོན་དང་འཚོ་བ་རིན་མེད་ཐོག་འབུལ་རྒྱུ་ཡིན་པ་མ་ཟད། ཕྲུ་གུ་ལོ་ཆུང་བ་ཚོ་ལ་བདག་སྐྱོང་གནང་མཁན་མ་མ་ཁ་ཤས་དང་། དགེ་རྒན་འདང་ངེས་བཀོད་སྒྲིབ་བྱས་ནས་ང་ཚོའི་སློབ་གྲྭ་ནང་ཕེབས་པའི་ཕྲུ་གུ་ལོ་ཆུང་ཚོར་ཕ་མ་དང་ཁ་བྲལ་བའི་སྐྱོ་གདུང་མི་དགོས་པའི་བྱམས་སྐྱོང་ཡོད་པ། མི་གཞི་ཀུན་སྤྱོད་བཟང་པོར་འཚར་ལོང་ཡོང་བའི་སློབ་གསོ་ཐེབས་པ། མ་འོངས་པའི་འདུན་ལམ་ལ་སྨིན་ངེས་པའི་སྤྱི་ཚོགས་རིག་གནས་སྤྱི་དང་ལྷག་པར་དུ་དགེ་འདུན་པའི་མི་ཚེའི་ནང་དགོས་ངེས་ཀྱི་ཤེས་ཡོན། ཕྱི་ནང་གི་སྐད་ཡིག་དང་། ཆོ་ག་ཕྱག་ལེན། རྒྱ་རབས་ཆོས་འབྱུང་སོགས་དཔྱིས་ཕྱིན་པ་ཤེས་ནས། ནང་བསྟན་མཐོ་རིམ་སློབ་གྲྭ་ཁག་ཏུ་ནང་ཆོས་སྦྱོང་བའི་སྔོན་འགྲོའི་ཡོན་ཚད་ལོང་བའི་སློབ་སྦྱོང་གི་མཐུན་རྐྱེན་ཡོངས་སུ་ཚང་བ་སྒྲིག་འཆར་ཡོད།